སྲོང་བཙན་སྒམ་པོ།
༤༠༽ དེ་ནས། བློན་པོ་མགར་ཕྱིར་རྒྱལ་པོའི་དྲུང་དུ་བཅར་ཏེ་རྒྱུ་མཚན་གསལ་པོར་ཞུས་པས། བཙན་པོ་ཐུགས་ཤིན་ཏུ་ཁྲོས་ཏེ། མགར་ལ་མྱུར་དུ་དམག་སྣེ་དྲངས་ཏེ་ཟུ་ཙེ་གསོན་པོར་འཛིན་དགོས་པའི་བཀའ་ཕབ།
༤༡༽ དེར་ཟུ་ཙེས་རང་གི་བུ་ངག་རེ་ཁྱུང་ལ། བདག་གིས་ཚང་མ་བརླགས་སོང༌། ད་ཁྱེད་ཀྱིས་བདག་གི་མགོ་བྲེགས་ཏེ་བཙན་པོར་ཕུལ་ནས། ཕས་བཙན་པོར་ངོ་ལོག་པ་ཤེས་འཕྲལ་བསད་དོ་ཞེས་ཞུས་ན་མ་གཏོགས། ངེད་ཀྱི་བུ་རྒྱུད་ཤུལ་མེད་འགྲོ་རྒྱུ་ལས་མེད། ཅེས་བཤད།
༤༢༽ དེ་ནས་ཟུ་ཙེའི་བུ་ངག་རེ་ཁྱུང་གིས། ཕ་རྒན་དེ་འདྲ་ག་ལ་སྲིད། བདག་ཤི་ཡང་རུང༌། བཙན་པོའི་ངོ་ཡ་མ་ཡོང་རུང་ཡུལ་གཞན་དུ་བྲོས་ན་ཐར་སྲིད། དེ་བས་ཕ་རྒན་ཁྱེད་ཀྱིས་ཐུགས་ཞུམ་པའི་སྐད་ཆ་དེ་འདྲ་མ་གསུངས་རོགས། ཞེས་སྨྲས།
༤༣༽ དེར་ཟུ་ཙེས། ད་ཐབས་ཤེས་འདི་ལས་མེད། བདག་མ་བསད་ཀྱང་རྒས་ནས་འཆི་ལ་ཉེ་བ་འདི་རེད། ཁྱོད་ཀྱིས་ངེས་པར་དུ་ངའི་ཁ་ཆེམས་ལྟར་སྒྲུབས། ཞེས་རལ་གྲི་ཕྱུང་ཐེངས་གཅིག་གིས་རང་མགོ་དུམ་བུར་བྲེགས།
༤༤༽ སྐབས་དེར་ངག་རེ་ཁྱུང་བཟོད་གླགས་མེད་པར་གྱུར་ཏེ། ཕ་རྒན་ལགས་ཞེས་གདོང་པ་ལག་པས་བཀབ་ནས་རེ་ཞིག་ལ་དྲན་མེད་དུ་བརྒྱལ། དེ་ནས་ག་ལེར་སེམས་ལྷོད་ལ་བབ་པ་དང༌། ཕའི་མགོ་བོ་དར་གྱིས་བཏུམ་སྟེ་ཤིང་སྒྲོམ་ནང་ཁྱེར་ནས་བཙན་པོ་མཇལ་དུ་ཆས།